མདུན་ངོས། • མཐོ་སློབ་ཀྱི་སྦྱོང་བྱ་ཁག • གཞུང་ལུགས། • གསུང་འབུམ་ཁག • འདོན་ཆའི་སྐོར། • སྔགས་ཀྱི་སྐོར། • སྣ་ཚོགས།
འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་དཔེ་ཀློག་སྒེའུ་ཁུང་།
སྔ་འགྱུར་མཐོ་སློབ་མདོ་རྒྱུད་ལེགས་བཤད་གླིང་།
༈ འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནི། དེ་ཡང་གངས་ཅན་ས་ཡི་ཐིག་ལེ་ལྷོ་ཕྱོགས་གཡོ་རུའི་ཆར་གཏོགས་གྲྭ་ཕྱི་རུ་ཆགས་པའི་སྔ་འགྱུར་བའི་ཆོས་སྡེ་ཆེན་པོ་སྟེ། ཕྱི་ལོ་༡༦༧༦རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་སྒྲ་བསྒྱུར་གྱི་རྒྱལ་པོ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་སྤྲུལ་རིག་འཛིན་ཆེན་པོ་གཏེར་བདག་གླིང་པས་ཕྱག་བཏབ། གངས་ལྗོངས་ཆོས་སྲིད་གཉིས་ཀྱི་མངའ་བདག་༧རྒྱལ་མཆོག་ལྔ་པ་ཆེན་པོས་མཐུན་རྐྱེན་བསྩལ་བ་ལ་བརྟེན་ནས་དམ་པའི་ཡོན་ཏན་བརྒྱ་ཕྲག་གིས་བརྒྱན་པའི་བསྟན་འཛིན་གྱི་དགེ་འདུན་འདུས་པའི་སྡེ་ཚུགས། རིག་གནས་སྤྱི་དང་ཁྱད་པར་དུ་ནང་རྒྱུད་ཡོ་ག་སྡེ་གསུམ་གཙོ་བོ་གྱུར་པའི་གསང་སྔགས་ཕྲིན་སྒྲུབ་ཀྱི་ཕྱག་བཞེས་དང་། སྒྱུ་འཕྲུལ་གྱི་འཆད་ཉན་སོགས་བཤད་སྒྲུབ་གཉིས་ཀའི་ཆ་ནས་ཀུན་གྱི་ཐུགས་ཡིད་རབ་ཏུ་འཕྲོག་ཅིང་། དགོན་མ་ལག་གྲངས་མང་བས་བོད་ཀྱི་ཡུལ་ལྗོངས་ཀུན་ཏུ་ཁྱབ་སྟེ། སྔ་འགྱུར་ཆོས་སྡེ་ཡོངས་རྫོགས་ཀྱི་བསྟན་པའི་སྤྱི་མེས་ཆེན་པོར་གྱུར། ཉམས་བཞེས་གཙོ་བོ་ནི། མདོ་སྔགས་སྤྱི་དང་གཙོ་བོ་གཏེར་ཆེན་ཉིད་ཀྱི་ཟབ་གཏེར་རྣམས་ལ་འཇུག་ཅིང་། འོད་གསལ་ལྷ་རིགས་འཛིན་པ་དཔལ་ལྡན་མྱོས་ཀྱི་གདུང་ལས་ཁྲི་རབས་དང་མཁན་རབས་རིམ་བྱོན་དང་བཅས་པ་རྣམས་ཀྱིས་བསྟན་པའི་ཁུར་བདག་གིར་བཞེས་ཤིང་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་རྒྱ་ཆེ་བ་ཡར་ཟླ་འི་དཔལ་ལ་ཅོ་འདྲི་བར་གྱུར། འོན་ཀྱང་ཆོས་ཟབ་ས་ན་བདུད་ཀྱང་ཟབ་ཅེས་ཨོ་རྒྱན་ཆེན་པོས་གསུངས་པ་ལྟར་ཕྱི་ལོ་༡༩༥༩ལོར་རྒྱ་དམར་གྱིས་བསམ་སྦྱོར་ངན་པས་གངས་ལྗོངས་ཡོངས་ལ་བཙན་དབང་སྒྱུར་ཏེ་རྒྱལ་བསྟན་ཆབ་སྲིད་དང་བཅས་པར་ཉེར་འཚེ་བྱས་སྐབས་སུ་༧གོང་ས་༧སྐྱབས་མགོན་ཡིད་བཞིན་ནོར་བུ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གཙོས་བོད་མི་རྣམས་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡོད། སྐབས་དེར་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱིས་མཐུས། ༧སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་འགྱུར་མེད་ཀུན་བཟང་དབང་གི་རྒྱལ་པོ་མཆོག་དང་༧སྐྱབས་རྗེ་མཁོ་ཆེན་མཆོག་སྤྲུལ་རིན་པོ་ཆེ་གཙོས་སྐུ་འཁོར་བདུན་ལྷོ་འབྲུག་བརྒྱུད་འཕགས་ཡུལ་དུ་ཕྱག་ཕེབས་ཏེ། སྨིན་གླིང་གི་བསྟན་པར་ཐུགས་འཁུར་ཆེར་བཞེས་པ་༧སྐྱབས་རྗེ་རྫོང་ནང་རིན་པོ་ཆེ་སོགས་དང་བཀའ་མོལ་ཞིབ་གླེང་བྱུང་དོན་ལྟར་ཟ་ཧོར་མཚོ་པདྨའི་དགོན་པར་ཕྱི་ལོ་༡༩༦༥ཟླ་ ༡ ཚེས་༦ཉིན་བྱེས་ཀྱི་གདན་ས་ཨོ་རྒྱན་སྨིན་གྲོལ་གླིང་འདི་ཐོག་མའི་དབུ་འཛུགས་ཞུས། སྐབས་དེར་དགེ་འདུན་པ་ཞལ་གྲངས་བཅུ་བཞི་ཙམ་ལ་གཞི་རིམ་གྱི་སློབ་གཉེར་དང་འདོན་ཆའི་ཆོས་སྐོར་ལ་སྦྱངས་པ་གཙོར་འདོན་གནང་ཡོད་། དེ་ནས་རྗེས་མའི་ལོ་དེར་འབྲས་རབ་གྲོང་དུ་གནས་སྤོས་བྱས་ཏེ་ར་ཛ་སྤུར་དུ་ཁང་པ་གླ་ནས་ལོ་ངོ་གཅིག་ཙམ་བཞུགས། དེ་རྗེས་ ༧སྐྱབས་རྗེ་རྫོང་ནང་རིན་པོ་ཆེ་དཔལ་སྤྲུལ་འཇམ་དཔལ་བློ་གྲོས་མཆོག་དང་། སྐྱབས་རྗེ་མཁོ་ཆེན་མཆོག་སྤྲུལ་འགྱུར་མེད་མདོ་རྒྱུད་རྒྱ་མཚོ་རིན་པོ་ཆེ་རྣམ་གཉིས་ལྷན་འཛོམས་ཐོག་བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་བར་ཐུགས་བསྐྱེད་དང་ལས་སྨོན་རྨད་པོ་ཆེའི་མཚམས་སྦྱོར་དང་འབྲེལ་ཀ་ལེ་མན་ཀྲོན་ནམ་་དོན་འགྲུབ་གླིང་གཞིས་ཆགས་སུ་དབུ་འཛིན་གུང་ཐང་ཚུལ་ཁྲིམས་ཀྱིས་དགོན་པ་བཞེངས་ཡུལ་ས་ཆ་ཨེ་ཀར་གཅིག་ཕུལ་བར་༧སྐྱབས་རྗེ་རྣམ་གཉིས་བསྟན་འགྲོའི་དོན་ལ་ཐུགས་རྒྱ་ཆེ་བས་མཐུན་རྐྱེན་གྱི་སྐུ་ངལ་ལ་འཛེམས་ཟོན་མ་མཛད་པར་གཙུག་ལག་ཁང་གི་རྩིག་རྨིང་འདིང་རྒྱུར་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་ས་འདུལ་མཛད་པ་ནས་བཟུང་རིམ་བཞིན་འོག་མིན་གཉིས་པའི་གདན་ས་རྟེན་དང་བརྟེན་པར་བཅས་པ་གསར་བཞེང་ལེགས་པར་གྲུབ། དེ་རྗེས་སྤྱི་ལོ་༡༩༧༧ལོར་༧སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག་ཡུམ་སྲས་དང་བཅས་ཀ་སྤུངས་ནས་འདི་གའི་གདན་སར་ཕེབས་ཏེ་བཞུགས་འཇགས་ཐུབ་པའི་རྟེན་འབྱུང་དང་། བོད་ནས་ཀྱང་༧སྐྱབས་རྗེ་གདུང་སྲས་དགྲ་ལྷ་རྒྱལ་མཚན་རིན་པོ་མཆོག་དང་། ༧སྐྱབས་རྗེ་མཁན་ཆེན་འཇིག་མེད་རྣམ་རྒྱལ་རིན་པོ་ཆེ་མཆོག་གདན་ཞུས་གནང་ཐུབ་པ་བྱུང་སྟེ། རིམ་བཞིན་འཕགས་ཡུལ་སྨིན་གྲོལ་གླིང་གི་གདན་ས་གཉིས་པའི་ཆོས་སྡེ་འདིའི་ནང་དུ་ཕྱོགས་ཀུན་ནས་འདུས་པའི་མཁན་སློབ་རྣམ་པ་གཙོས་པའི་རབ་བྱུང་དགེ་འདུན་གྱི་སྡེ་ཞལ་གྲངས་བཞི་བརྒྱ་ལྷག་ཙམ་ནས། ད་ལྟའི་བར་གཞིས་བོད་ཀྱི་སྨིན་གླིང་གདན་སར་ཇི་ལྟར་ཡོད་པ་དེ་རྣམས་མི་ཉམས་པར་མར་མེ་གཅིག་ལས་གཉིས་ཆད་ལྟ་བུ་ཞིག་བྱུང་ན་སྙམ་པའི་ཐུགས་རེ་བཅང་སྟེ། གཞི་རིམ་འཛིན་གྲྭར་ཡི་གེ་འབྲི་ཀློག་ནས་བཟུང་སུམ་རྟག་དག་གསུམ་དང་། འབྱུང་རྩིས། སྙན་ངག འབུད་བརྡུང་དཀྲོལ་གསུམ། གར་ཐིག་དབྱངས་གསུམ། གཏོར་རྒྱན་བཟོ་བཀོད་ཀྱི་རིགས་གཏེར་ཆེན་སྐུ་མཆེད་ཀྱི་ཕྱག་སྲོལ་འཁྲུལ་མེད་ལྟར་གཙོ་བོ་དང་། སྨིན་གླིང་མཐོ་སློབ་ནང་དུ་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་འཆད་རྩོད་རྩོམ་གསུམ་གཙོ་བོ་དང་། སྒྲུབ་གྲྭར་སྔོན་འགྲོ་འབུམ་ལྔ་ནས་རྩ་གསུམ་སྒོམ་སྒྲུབ་ཉམས་བཞེས་གཙོ་བོ་དང་། གྲྭ་ཚང་གི་འདུས་པ་ཡོངས་ཀྱིས་བཀའ་གཏེར་སྒྲུབ་མཆོད་ཁག་གི་ཕྱག་བཞེས་བཅས་ལ་དྭང་བརྩོན་ལྷོད་མེད་དུ་གནང་བཞིན་པ་དང་། གཞན་ཡང་ཀ་ལོན་སྤུངས་དང་། སྦས་ཡུལ་འབྲས་མོ་ལྗོངས། ཐཱ་ཝེན་དང་ཨ་རིར་སོགས་འཛམ་གླིང་ཡུལ་གྲུ་མང་པོར་ཡན་ལག་གི་ཆོས་སྡེ་བསྐྲུན་པ་བཅས་ཏེ། མདོར་ན་དེང་ཆར་གཞིས་བྱེད་གཉིས་སུ་བཞུགས་པའི་ཁྱབ་བདག་སྨིན་གླིང་པའི་གདན་ས་ཆེན་མོར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་སྔོན་བྱོན་དམ་པའི་བཀའ་སྲོལ་བཀའ་གཏེར་མདོ་རྒྱུད་སྨིན་གྲོལ་རྒྱ་མཚོའི་སྲོག་མི་ཉམས་གོང་འཕེལ་གྱི་ངང་དུ་་གནས་བཞིན་པ་དང་བཅས་སོ།།
ལོ་ཆེན་དྷརྨ་ཤྲཱི།
ལོ་ཆེན་དྷརྨ་ཤྲཱི་མཆོག་ནི་རབ་བྱུང་བཅུ་གཅིག་པའི་ཤིང་རྟ་ཕྱི་ལོ་༡༦༥༤ ལོར་གཡོར་པོ་གྲྭ་ནང་གི་དར་རྒྱས་ཆོས་གླིང་དུ་ཡབ་སྨྱོས་སྟོན་འཕྲིན་ལས་ལྷུན་གྲུབ་དང་། ཡུམ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་ལེགས་པ་དོན་གྲུབ་ཅེས་ཞུ། དགུང་ལོ་བརྒྱད་པར་གཅེན་པོ་དང་མཉམ་དུ་འཕྱོངས་རྒྱས་དཔལ་རི་དང་གནས་ཆེན་མཆིམས་ཕུར་བཞུགས། བཅུ་གསུམ་པར་གཏེར་སྟོན་བླ་མར་གཙུག་ཕུད་ཕུལ། མཚན་ལ་བསྟན་འཛིན་འཇམ་དབྱངས་དབང་པོ་ཞེས་སྩལ། བཅོ་ལྔ་པར་ལྷ་སར་རྒྱལ་དབང་ལྔ་པ་ལས་རབ་ཏུ་བྱུང་། མཚན་ལ་ངག་དབང་ཆོས་དཔལ་ཞེས་བཏགས། བཅུ་དགུ་པར་སློབ་དཔོན་དོན་གྲུབ་དབང་རྒྱལ་ལས་རྩིས་དང་། སྟག་ལུང་གྲུབ་ཆེན་ངག་དབང་གཟུགས་མཆོག་ལས་སྒྲའི་བསྟན་བཅོས་དང་། གཏེར་ཆེན་བླ་མ་ལས་སྙན་ངག་དང་སྡེབ་སྦྱོར་སོགས་གསན། ཉི་ཤུ་པར་རྒྱལ་དབང་ལྔ་པ་ལས་བསྙེན་པར་རྫོགས། སྨིན་གྲོལ་གླིང་གྲྭ་ཚང་གི་དགེ་སྐོས་ཀྱི་འགན་ཁུར། སྒྲིག་ལམ་དང་ཀུན་སྤྱོད་བཅས་ལ་དོ་དམ་མཛད། ཉེར་བདུན་པར་རྒྱལ་དབང་ལྔ་པའི་བཀའ་ཕེབས་པ་ལྟར་མཁན་ཆེན་དཀོན་མཆོག་བསྟན་འཛིན་ལས་འདུལ་བ་སྨད་ལུགས་ཀྱི་ཆོ་གས་བསྙེན་པར་རྫོགས། ཕྱི་ནང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀུན་ལ་མཁས་པར་སྦྱངས། རབ་བྱུང་བཅུ་གཉིས་པའི་ས་ཁྱི་ཕྱི་ལོ་༡༧༡༨ ལོར་ཨོ་རོད་ཇུང་གར་བས་སྐྱིད་ཆུའི་འགྲམ་དུ་བཀྲོངས། སློབ་མ་གཙོ་བོ་ནི་ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་དང་། ཡར་འབྲོག་གླིང་གི་ཞབས་དྲུང་ཡབ་སྲས། ཕུན་ཚོགས་གླིང་གི་དགེ་སློང་འབྱུང་གནས། སྟག་སྣ་ཏྲེ་བོ་སྤྲུལ་པའི་སྐུ། ཆབ་མདོ་འཕགས་ལྷ་རྒྱལ་བ་རྒྱ་མཚོ། སྡེ་དགེའི་བླ་མ་རབ་འབྱམས་པ། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་བཅས་བྱོན། གསུང་རྩོམ་ནི་གསང་བདག་དགོངས་རྒྱན་དང་། གསང་བདག་ཞལ་ལུང་། དཀྱིལ་འཁོར་བློས་བསླངས་ཀྱི་རྣམ་གཞག་གསལ་སྒྲོན་རྩ་འགྲེལ། སྡེབ་སྦྱོར་གྱི་འགྲེལ་བ་དོན་གསལ་མེ་ལོང་། སྐར་རྩིས་ཉིན་བྱེད་སྣང་བ་རྩ་འགྲེལ། དབྱངས་འཆར་གྱི་མཆན་འགྲེལ་རྒྱུ་སྐར་ཕྲེང་བ། འབྱུང་རྩིས་ཟླ་བའི་འོད་ཟེར། དབང་ཆོག་རྡོ་རྗེའི་ཐེམ་སྐས། སྡོམ་གསུམ་དཔག་བསམ་སྙེ་མ། འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས། གཏེར་བདག་གླིང་པའི་རྣམ་ཐར། འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས། འབེལ་གཏམ། རྨི་ལམ་གྱི་ཁྲིད་ཡིག་ཉིང་འཁྲུལ་རང་གྲོལ། གླུ་ཡིག་རབ་གསལ་སྣང་བ། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས། སྙན་ངག་རྒྱ་མཚོའི་སྙིང་པོ་བཅས་ཆོས་ཚན་བདུན་ཅུ་ལྷག་བཞུགས། མིང་གི་རྣམ་གྲངས། ལེགས་པ་དོན་གྲུབ། བསྟན་འཛིན་འཇམ་དབྱངས་དབང་པོ། ངག་དབང་ཆོས་དཔལ། སྨིན་གླིང་ལོ་ཆེན།
གཏེར་བདག་གླིང་པ།
སྨིན་གླིང་གཏེར་ཆེན་པདྨ་གར་དབང་འགྱུར་མེད་རྡོ་རྗེ་མཆོག་ནི་རབ་བྱུང་བཅུ་གཅིག་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ1646ལོར་གྲྭ་ནང་དར་རྒྱས་ཆོས་གླིང་དུ་ཡབ་སྨྱོས་སྟོན་གསང་བདག་འཕྲིན་ལས་ལྷུན་གྲུབ་དང་། ཡུམ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ1714ལོར་སྐུ་གཤེགས།དགུང་ལོ་བཞི་པར་ཡབ་ཆེན་ལས་བཀའ་བརྒྱད་གསང་རྫོགས་ཀྱི་དབང་ལུང་རྣམས་གསན། དགུང་ལོ་བཅུ་གཅིག་པར་ལྷ་སར་ཕེབས་ཏེ་རྒྱལ་དབང་ལྔ་པ་ཆེན་པོར་དབུ་སྐྲའི་གཙུག་ཕུད་ཕུལ། དགུང་ལོ་བཅུ་གསུམ་པར་ཡོངས་སུ་གྲགས་པའི་སློབ་དཔོན་སུམ་ཅུ་རྩ་ལྔར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ལེགས་པར་སྦྱངས་ནས་མཁས་པའི་གྲགས་པ་ཐོབ། དགུང་ལོ་བཅོ་བརྒྱད་པར་གཡའ་མ་ལུང་ནས་རིག་འཛིན་ཐུག་ཐིག་གི་ཆོས་སྐོར་དང་། དགུང་ལོ་ཉེར་གཉིས་པར་རྫུ་འཕྲུལ་གྱི་བཀོད་པས་ཤེལ་བྲག་ནས་འཇམ་དཔལ་གཤིན་རྗེ་དྲེགས་འཇོམས་དང་། དགུང་ལོ་སོ་གཅིག་པར་ཨོ་དཀར་ཕྲགས་ནས་གུར་དྲགས་དང་། རྡོར་སེམས།ཨ་ཏིའི་སྐོར། དགུང་ལོ་སོ་ལྔ་པར་ཤ་འུག་ལྟག་སྒོ་ནས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་སྤྱན་དྲངས་པ་སོགས་ཤིན་ཏུ་མང་སྐད། དགུང་ལོ་སོ་གཅིག་པ་རབ་བྱུང་བཅུ་གསུམ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ1676ལོར་སྨིན་གྲོལ་གླིང་གསར་འདེབས་མཛད་དེ་རྟེན་དང་རྟེན་པ་བཞེངས། དགུང་ལོ་ང་ལྔ་པར་སྒྲུབ་མཆོད་ཁང་དང་། གསང་སྔགས་ཕོ་བྲང་བཅས་གསར་བཞེངས་མཛད། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་རྒྱ་ཆེར་སྤེལད་ཏོ། ཁོང་གི་མཚན་གྱི་རྣམ་གྲངས་ནི་ཀུན་དགའ་དངོས་གྲུབ་རིན་ཆེན་དབང་རྒྱལ་དང་། པདྨ་གར་དབང་འགྱུར་མེད་རྡོ་རྗེ། ངག་དབང་པདྨ་བསྟན་འཛིན་བཅས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྒྱལ་དབང་ལྔ་པ་ཆེན་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ།རྡོ་བྲག་རིག་འཛིན་པདྨ་འཕྲིན་ལས། ས་སྐྱ་ཁྲི་ཆེན་ཀུན་དགའ་བཀྲ་ཤིས། རྩེ་གདོང་ཞབས་དྲུང་ཁུ་དབོན་བཅས་ཡིན། ཁོང་གི་གསུང་རྩོམ་ནི་པོད་ཆེན་བཅོ་ལྔ་ཙམ་བཞུགས་སོ།།
དཔེ་ཀློག་སྒེའུ་ཁུང་གི་ངོ་སྤྲོད་མདོར་བསྡུས།
དཔེ་ཀློག་སྒེའུ་ཁུང་འདི་ནི་ BDRC ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་རིས་སུ་མ་ཆད་པའི་བོད་ཀྱི་དགོན་སྡེ་ཁག་དང་དཔེ་མཛོད། དེ་བཞིན་སློབ་གྲྭ་དང་ཚོགས་སྒེར་སུ་ཡིན་རུང་དོན་གཉེར་ཅན་ཚོར་རིན་མེད་ཀྱིས་དཔེ་ཀློག་སྒེའུ་ཁུང་རེ་བཟོ་བཞིན་ཡོད། དཔེ་ཀློག་སྒེའུ་ཁུང་འདིའི་ནང་་གི་གོ་རིམ་སྒྲིག་སྟངས་ནི། དཔེར་ན།
• དགོན་པ་ཡིན་ན་དེའི་བཤད་གྲྭ་ཁག་གི་སྦྱོང་བྱ་རྣམས་ཕྱོགས་གཅིག་ལ་བསྒྲིགས་ཡོད་པའི་དཔེ་ཀློག་སྒེའུ་ཁུང་གཅིག
• རྒྱུད་གྲྭ་ཁག་གི་སྦྱོང་བྱ་རྣམས་ཕྱོགས་གཅིག་ལ་བསྒྲིགས་ཡོད་པའི་དཔེ་ཀློག་སྒེའུ་ཁུང་གཅིག
• དགོན་དེ་དང་འབྲེལ་ཡོད་ཀྱི་གསུང་འབུམ་ཁག་གི་དཔེ་ཀློག་སྒེའུ་ཁུང་གཅིག
• དེ་བཞིན་གཞུང་སྣ་ཚོགས་འདུས་པའི་དཔེ་ཀློག་སྒེའུ་ཁུང་གཅིག་བཅས་བསྒྲིགས་ནས་བཞག་ཡོད།
དཔེ་ཀློག་སྒེའུ་ཁུང་རེ་རེའི་ནང་བཞུགས་པའི་དཔེ་ཆ་རྣམས་དོན་གཉེར་ཅན་རྣམས་ལ་སྟབས་བདེ་ཡོང་ཕྱིར། དཔེ་ཆ་རེ་ལ་པར་བཏབས་པ་(བཤེར་པར་) དང་། ཡིག་རྐྱང་ངམ་གཏགས་མའི་དཔེ་ཆ། pdf བཅས་རིགས་གསུམ་མཉམ་འཇོག་བྱས་ཡོད། དོན་གཉེར་ཅན་སུས་ཀྱང་བལྟ་ཀློག་དང་ཕབ་ལེན་བྱ་ཆོག་པར་མ་ཟད། ཡང་ང་ཚོས་བཞག་ཟིན་པའི་དཔེ་ཆ་དེའི་རྒྱུ་སྤུས་མི་བཟང་བ་དང་། ཡང་ན་ཆ་མ་ཚང་བའི་རིགས་ཡོད་ཚེ་རང་ཉིད་ཀྱིས་ཞུ་དག་དང་གསར་སྣོན། དག་སྒྲིག་བཅས་བྱ་ཐུབ། ཁྱེད་ཀྱིས་དཔེ་ཆ་ཁ་སྣོན་བྱ་འདོད་ཚེ་ངེད་ཚོགས་པ་ལ་ཐད་ཀར་འབྲེལ་བ་བྱས་ཏེ་ཁྱེད་ཀྱི་དཔེ་ཆ་དེ་ང་ཚོར་བསྐུར་ན་ང་ཚོས་ཐད་ཀར་དྲ་ཐོག་དཔེ་མཛོད་ནང་ཡར་འཇུག་བྱས་ཏེ་ཁྱེད་ཀྱི་དཔེ་ཀློག་སྒེའུ་ཁུང་ནང་བལྟ་ཐུབ་པ་བཟོ་རྒྱུ་ཡིན།